དགེ་རྒན་ལ་ཚང་དགོས་པའི་ཁས་ཆོས།
བསྟན་འཛིན་ཉི་འབུམ།
རྡོར་གླིང་སཾ་བྷོ་ཊ།
གཞི་རིམ་འོག་མ།
ཨ་མའི་བྱམས་བརྩེ་དང་འདྲ་བའི་རྩེ་གདུང་འདི་དགེ་རྒན་ནས་ཐོབ།།
པ་ཕས་ལམ་སྟོན་དང་འདྲ་བའི་བསླབ་བྱ་འདི་ཡང་དགེ་རྒན་ནས་ཐོབ།།
“དགེ་རྒན་” ཟེར་བ་དེ་གང་འདྲ་བྱས་ནས་གལ་ཆེན་པོ་ཆགས་ཀྱི་ཡོད་རེད།
དགེ་རྒན་གྱི་ངོས་ནས་སློབ་ཚན་བསླབ་པ་ཙམ་མ་ཡིན་པར་ཕྲུ་གུའི་མ་འོངས་པའི་མདུན་ལམ་ལ་ཁྱད་པར་ཆེན་པོ་ཞིག་བཟོ་བ་དེ་ཚང་མས་མཁྱེན་གསལ་རེད་ལ་འདིའི་ཐོག་བརྡབ་གཟིག་ཆུང་ངུ་ཞིག་བྱུང་བ་ཡིན་ན་མི་རབས་གཅིག་ལ་ཁྱད་པར་འགྲོ་ཡི་ཡོད།
གང་ལྟར་གལ་སྲིད་དགེ་རྒན་ཚད་ལྡན་ཞིག་གི་འགྱུར་བ་ཡག་པོའི་ཕྱོགས་སུ་གཏོང་ཐུབ་པ་ཡིན་ན་མ་འོངས་པའི་འཛམ་བུ་གླིང་ནང་ཤེས་ཡོན་ཅན་ཞིག་ཆགས་ཐུབ་པ་ཁོ་ན་མིན་པར་མི་བསམ་པ་བཟང་པོ་དང་མི་ཡ་རབས་ཅན་མང་པོ་སྐྱེད་སྲིང་བྱེད་པའི་བརྒྱུད་ལམ་གཅིག་ལ་སྒྱུར་ཐུབ།
གཙོ་བོ་ང་རང་ཚོ་བོད་པའི་དགེ་རྒན་རྣམས་ལ་མིག་དཔེ་བཟང་པོ་ཞིག་སྟོན་རྒྱུའི་ལས་འགན་ཆེན་པོ་ཞིག་ཡོད་པ་དེ་ཚང་མས་ཤེས་རྟོགས་ཡོད་ངེས་རེད།
བཙན་བྱོལ་དུ་འབྱོར་རྗེས་༧གོང་ས་མཆོག་གིས་ཤེས་ཡོན་གལ་ཆེན་པོར་བརྩིས་ནས་སློབ་གྲྭ་ཐོག་མར་གཙུགས་དགོས་གསུངས་པ་འདི་མིག་ལྟོས་དཔེ་སྟོན་གྱི་མཛད་རྗེས་བཟང་པོ་ཞིག་རེད། བོད་ནས་ཡོང་བའི་སློབ་ཕྲུག་རྣམས་དང་ཕ་མ་ཐག་རིང་ལ་ཡོད་པའི་སློབ་གྲྭའི་ཉལ་ཁང་དུ་སྡོད་པའི་སློབ་ཕྲུག་ཚོ་ལ་ཕ་མ་ཟེར་ན་རེད།
དགེ་རྒན་ཟེར་ན། ཁོང་ཚོའི་ཡིད་ཆེས་དང་རེ་བ་བཅོལ་ས་དེ་དགེ་རྒན་ཁོ་ནར་རག་ལས་ཡོད།
དགེ་རྒན་ཞིག་ཡིན་དགོས་ལ་ལག་ཁྱེར་དང་དམིགས་ཡུལ།
འཇོན་ཐང་། གཅིག་པོས་འགྲིགས་ཀྱི་ཡོད་རེད་ཟེར་ན་ནོར་འཁྲུལ་ཆེན་པོ་ཞིག་ཆགས་ ཡོད། སྤྱིར་བཏང་མིའི་མི་ཚེ་ནང་ལ་སྤྱོད་ལམ་མང་མོ་གཅིག་ལ་འགྱུར་བ་འགྲོ་བ་དང་འགྲོ་བའི་ཚོར་བ་ཡང་རྒྱུས་མེད་པའི་གནས་ཚུལ་མང་པོ་
ཡོད། འོན་ཀྱང་ཆུང་དུས་ནས་འབད་བརྩོན་བྱས་པའི་བཟང་སྤྱོད་ཀྱི་རྨང་གཞི་དང་ཕ་མས་གནང་བའི་ཡ་རབས་སྤྱོད་བཟང་གཉིས་མིའི་གོམས་
འདྲིས་ནས་དྲན་ཤེས་བརླག་པ་ནམ་ཡང་མི་སྲིད། ཉིན་རེའི་བྱེད་སྒོའི་ནང་དཀའ་ངལ་དང་དྭོགས་པ་མང་པོ་ཞིག་ལོ་ངོ་མང་དག་ཅིག་དགེ་རྒན་བྱས་པས་ཉམས་མྱོང་ཡོད་ནའང་རང་ཉིད་ཀྱི་རྣམ་དཔྱོད་དང་བསམ་ཤེས་ཐོག་ནས་ཐག་གཅོད་བྱེད་དགོས་པ་འདི་མང་པོ་ཞིག་གི་སེམས་ལ་དྭོགས་འདྲི་ཡོང་མི་སྲིད་པ་མ་རེད།
སེམས་ཀྱི་འདུ་ཤེས་ཐམས་ཅད་གཞི།
བསམ་པ་གང་བསམ་འདི་ལྟར་གྱུར།
རང་སེམས་བསམ་པས་སྐྱེ་བ་འབྱུང་།
བདག་གི་གནས་སྟངས་སེམས་ནས་བརྟག
དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་མང་པོ་ཞིག་ཡོད་དགོས་ལ་གལ་ཆེ་ཁ་ཤས་ཅིག་བཤད་པ་ཡིན་ན།
དང་པོ། རང་ཉིད་ཀྱི་ལས་འཁུར་མང་པོ་ཞིག་ཕྱོགས་གང་གི་ཐོག་ནས་བལྟས་དགོས་པ་དང་དེའི་བསམ་ཚུལ་གང་འདྲ་ཞིག་ལེན་དགོས་པ་གལ་ཆེན་ཅིག་ཡིན།
བསམ་བློ་ཁྱེར་སྟངས་དེ་རང་ཕྱོགས་གཅིག་པོ་མིན་པར་གང་སྤྱི་ཐོག་ནས་བཏང་དགོས་པ་དང་རང་གིས་ཐག་གཅོད་བྱས་པ་དེ་ལའང་རྒྱུ་རྐྱེན་འབྲས་བུ་གསུམ་ལ་གཞི་བཞག་དགོས།
སློབ་གྲྭའི་ནང་གི་སློམ་མ་ཁོ་ན་མིན་པར་སྤྱིར་བཏང་མི་སུ་ཞིག་ཡིན་ཡང་ནོར་འཁྲུལ་བྱེད་པ་དེ་འཇིག་རྟེན་ནང་ཀྱི་མིའི་ཁྱད་ཆོས་བཟང་པོ་ཞིག་རེད་བསམ་གྱི་འདུག
ནོར་འཁྲུལ་དེ་ལ་ལྟ་ནས་སྐྱེ་བོ་རང་ཉིད་ཀྱི་འགྱུར་བ་གང་དང་གང་ བཏང་དགོས་པ་དེ་མིའི་ཤེས་སྟོབས་ལ་རགས་ལས་ཡོད།
དགེ་རྒན་གྱིས་སློམ་མར་ཆུང་དུས་ནས་ཤེས་ཡོན་སྤྲད་པས་དགོས་མཁོ་གཙོ་བོ་དེ་མིའི་རྣམ་དཔྱོད་ཡར་རྒྱས་བཏང་ཐུབ་པ་ལ་འབད་རྩོན་བྱེད་དགོས། དགེ་རྒན་གྱི་རྣམ་དཔྱོད་ཀྱི་རྩ་བ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་པ་དེ་གཞན་ཕན་ལ་གཞི་བཞག་ནས་ཀུན་སྤྱོད་འཁྱེར་དགོས་པ་དང་མ་འོངས་པའི་འདུན་ལམ་ནང་ཕན་ཐོགས་གང་སྤྱི་ཐོག་ནས་སྤྲོད་ཐུབ་པའི་མངོན་ཤེས་བཤད་ཐུབ་དགོས།
དགེ་རྒན་གྱི་སྣང་བ་བཟང་ན།
སློབ་མའི་སེམས་ལ་དགའ་བ་སྐྱེ།
སྣང་བ་མ་བཟང་བྱེད་ཡིན་ན།
སློབ་མའི་སེམས་ལ་ཚོར་བ་ཐོན།
གཉིས་པ། དགེ་རྒན་གྱི་རྣམ་འགྱུར་སྟོན་སྟངས་དེ་གལ་ཆེན་པོ་ཞིག་རེད།
ང་ཚོའི་གདོང་པས་རྣམ་འགྱུར་སྟོན་སྟངས་མི་འདྲ་བ་ཤིན་ཏུ་མང་པོ་ཡོད། རྣམ་འགྱུར་གྱི་བརྒྱུད་ནས་མི་ཕན་ཚུན་བར་འབྲེལ་བ་གང་འདྲ་བྱེད་དགོས་པ་དང་།
ཡང་རྣམ་འགྱུར་གྱི་རྒྱུད་ནས་རང་ཉིད་སེམས་ཀྱི་ཚོར་བ་རྣམས་གཞན་ལ་བཤད་དགོས་མེད་ཀྱི་རྒྱུ་རྐྱེན་ཆེན་པོ་ཞིག་རགས་ལས་ཡོད།
དགེ་རྒན་ཚན་ལྡན་ཞིག་གི་རང་ཉིད་མི་ཚེའི་ནང་དཀའ་ངལ་གང་འདྲ་ཞིག་ཕྲད་ཡོད་ནའང་གང་ལྟར་འཛིན་གྲྭའི་ནང་སློབ་ཕྲུག་མཉམ་དུ་མཐུན་ལམ་བྱེད་པའི་སྐབས་སུ་ཤ་ཚ་རྣམ་འགྱུར་ཡག་པོ་ཞིག་སྟོན་ཐུབ་པའི་ནུས་པ་ཞིག་དགོས།
ཡང་ཕྲུ་གུ་རྣམས་ཀྱི་ནོར་འཁྲུལ་ཆུང་ངུ་བྱེད་པའི་སྐབས་སུ་དགེ་རྒན་གྱིས་རྣམ་འགྱུར་གང་འདྲ་ཞིག་སྟོན་དགོས་པ་དང་ཕྲུ་གུའི་ཚོར་ཤེས་ལ་ཁྱད་པར་ཆེན་པོ་ཞིག་འགྲོ་ཡི་ཡོད་པའི་ཤེས་རྟོགས་དགོས།
རྣམ་འགྱུར་ལ་བསྟན་ནས་མ་འོངས་པར་ཕྲུ་གུ་ཞེད་སྣང་སྐྱེས་ནས་འགྱུར་བ་འགྲོ་བ་ཡིན་ན། དགེ་རྒན་གྱིས་སྟོན་པའི་རྣམ་འགྱུར་འདི་ནོར་འཁྲུལ་ཡིན་པ་ཤེས་དགོས།
ཚིག་སྙིང་པོ་བཤད་ན་སློབ་མ་དགའ།
དོན་དོན་ཅན་བཤད་ན་སློབ་མ་བཟང་།
བསམ་དོན་བཞིན་སྒྲུབ་ན་སློབ་མ་མཁས།
ཚིག་འཇམ་པོ་བཤད་ན་སློབ་མས་ཉན།
གསུམ་པ། སྐད་ཆ་བཤད་སྟངས།
དགེ་རྒན་གྱི་ཁྱད་ཆོས་ངོ་མ་གཅིག་སྐད་ཆ་བཤད་སྟངས་ལ་རག་ལས་ཡོད་རེད། སྐད་ཆ་བཤད་པའི་སྐབས་སུ་རྒྱུ་རྐྱེན་མང་པོ་ཞིག་ལ་གཞི་འཛིན་དགོས་པ་རྣམས་ནི།
སྐད་ཤུགས་དང་སྐད་གདངས། སྐད་གསང་དང་སྐད་གསལ། སྐད་མཐོ་དང་སྐད་དམའ། གཞན་ཡང་དོ་སྣང་བྱེད་པའི་གནས་ཚུལ་ཁ་ཤས་ནི་སྐད་འགགས་ཤེས་རྫོགས།
སྐད་འདར་གདངས་འདར། བཅས་མང་པོ་ཞིག་ཡོད། སློབ་ཕྲུག་མཉམ་དུ་སྐད་ཆ་བཤད་པའི་སྐབས་སུ་སྐད་ཤུགས་མཐོ་པོ་མིན་པར་ཡང་དམའ་པོ་ཡང་མིན་པའི་སྐད་གསལ་ངག་གོ་བདེ་པོ་དང་རྣ་སྙན་པོའི་ཐོག་ནས་བཤད་ཐུབ་པ་ཡིན་ན།
ཕྲུ་གུ་རྣམས་ནས་དགེ་རྒན་ལ་མིག་གསལ་གྱི་དོ་སྣང་སྐྲུན་ཐུབ་པ་དང་། མ་འོངས་པ་ཕྲུ་གུ་དེའི་སྐད་ཆ་བཤོད་སྟངས་ལ་འགྱུར་བ་བཟང་པོ་ཞིག་སྒྲུབ་ཐུབ་པའི་རྟགས་མཚན་ཅིག་མཚོན་ཐུབ།
རང་ལ་འབྱོན་ཐང་ཡོད་ན།
ལས་ཀ་གང་ཡང་བྱེད་ཐུབ།
ཡིན་ཡང་ལྷག་བསམ་མེད་ན།
རང་རང་མགོ་འཁོར་ལུས་ཡོང།
བཞི་པ། ལས་ཀ་གང་དང་གང་ཡིན་ནའང་རྩ་བ་ལས་རིགས་དེ་གའི་ཉམས་མྱོང་དང་སྦྱོང་བརྡར་གལ་ཆེན་པོ་རེད་ལ།
དེ་ལས་གལ་ཆེ་བ་ལྷག་ བསམ་རེད། དགེ་རྒན་ཞིག་གིས་རང་ཉིད་ཀྱི་ཆེད་ལས་གང་ཞིག་ཡོད་པ་དེ་ལྷག་བསམ་རྣམ་དག་ནས་བྱེད་དགོས་པ་དེ་ཁྱད་ཆོས་ཆེན་པོ་ཞིག་རེད།
དེ་ཡང་ཁྱད་ཆོས་བཟང་པོ་འདི་དགེ་རྒན་གཅིག་པུར་མིན་པར་བོད་མི་ཞིག་ཡིན་པའི་རང་ཉིད་ཀྱི་ལུང་པ་འདི་བཙན་བྱོལ་དུ་ཆགས་ནས་ལོ་ངོ་
༦༦ ཙམ་འགྲོ་བ་དང་ཕ་ཡུལ་བོད་ནང་རང་དབང་མེད་པའི་དཀའ་སྡུག་གི་སྡུག་བསྔལ་མང་པོ་མྱོངས་བཞིན་ཡོད་པས་སེམས་ནང་དུ་གནས་ཚུལ་འདི་དག་གཟབ་ནན་རྩིས་ནས་རང་ཉིད་ཀྱི་རྒྱལ་ཁབ་གང་འདྲ་ཞིག་ཏུ་བསྒྱུར་ཐུབ་དགོས་པ་ཆུང་ཚགས་ནས་སྤྱི་དོན་ཐོག་རོགས་པ་གང་འདྲ་ཞིག་ཡིན་ཡང་ལྷག་བསམ་ཧུར་ཐག་བྱས་ནས་བྱེད་དགོས་རེད།
གལ་སྲིད་རང་ཉིད་ཀྱི་ལས་འགན་རྣམས་ལྷག་བསམ་ཐོག་ནས་བྱས་པ་ཡིན་ན། རང་ལ་སྐྱིད་པ་དང་གཞན་ལ་ཕན་ཐོག་བསྒྲུབ་ཐུབ་སྤྱི་ལ་བདེ་སྐྱིད་སྐྲུན་ཐུབ་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན།
དགེ་རྒན་ལ་མི་དགོས་པའི་ཁྱད་ཆོས་ཡང་མང་པོ་ཡོད་རེད།
དགེ་རྒན་ཚོས་འགན་འཁུར་གྱི་བསམ་པ་མེད་པར་ཉི་མ་གང་འཁྱོལ་བྱས་ནས་སྡོད་པའི་གཤིས་ཀ་དེ་ལྟ་བུ་འཁྱེར་བ་ཡིན་ན་རང་ཉིད་ལ་ཤེས་ཡོན་གྱི་འཕེལ་རྒྱས་མེད་པ་དང་སློབ་མ་རྣམས་ལའང་སློབ་དེབ་ཀྱི་ཤེས་བྱ་མ་གཏོགས་བསམ་བློ་རྒྱ་ཆེ་ས་ནས་གཏོང་མི་ཐུབ་པར་ལུས་པའི་དོན་ཚན་ཅིག་རེད།
ཡང་དགེ་རྒན་འགའ་ཞིག་གིས་ལས་གཞི་གང་ཞིག་བྱས་པ་དེ་འགན་འཛིན་དང་སློབ་སྤྱི་ཀྱི་མིག་གཅིག་པོ་ལ་སྟོན་པར་བྱེད་པས་སེམས་གཏིང་ནས་ལྷག་བསམ་གྱི་སྤུ་གཅིག་ཀྱང་མེད་པར་དེ་འདྲའི་སྤྱོད་ལམ་ནི་མི་དགོས་པའི་ཁྱད་ཆོས་ཅིག་ཡིན།
ཁ་སྡད་མི་ཚུགས་པ་དང་ལས་རོགས་པ་ནང་ཁུལ་དཀྲུག་ཤིང་རྒྱབ་ནས་སེམས་ནག་ཅན་དེ་འདྲའི་བསམ་བློ་གཏོང་མཁན་ལས་བྱེད་རྣམས་པ་ལའང་ཁྱད་ཆོས་འདི་ལྟ་བུ་ནི་མི་དགོས་པའི་ཁྱད་ཆོས་ཅིག་ཡིན།
Comments
Post a Comment